ཁྲུས་བབས་ངལ་གསོ།
ལོ་ཨ་རྟག་ར་ ཧོར་ཟླ་ ༨ པའི་དབུགས་ཐོབ་ཉི་མ་ལུ་ ཁྲུས་བབས་ཀྱི་ངལ་གསོ་ཕོགཔ་ཨིན། དེ་ཡང་ཧེ་མ་འཇིག་རྟེན་གྱི་ཁམས་འདི་རིམ་པ་བཞིན་དུ་སྦེ་ གྲུབ་ཚར་བའི་ཤུལ་ལུ་ སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་ལས་ ཉི་ཟླ་སྐར་གསུམ་ འཇིག་རྟེན་གྱི་ཁམས་འདིར་འཆར་བའི་དུས་སྐབས་འགོ་བཙུགས་ནུག།
དེ་ཚུ་གི་གྱལ་ཁར་ སྐར་མ་རི་ཥིའམ་ཁྲུས་སྐར་ཟེར་མི་ཅིག་བྱུང་ཡོདཔ་བཞིན་དུ་ འདི་གི་འཆར་ལུགས་ཡང་ དབང་ཆེན་རིའི་རྒྱལ་པོ་རི་རབ་ཀྱི་ཕྱེད་ཀ་ལས་ཕར་ གསེར་གྱི་རི་བོ་གཉའ་ཤིང་འཛིན་གྱི་རི་བོའི་རྩེ་སྟེ་ རྒྱ་མཚོ་ལས་དཔག་ཚད་ཉིས་ཁྲི་གིས་མཐོ་བའི་གནམ་ཁ་ལས་ ཟླ་བ་དྲུག་ཉི་མ་ལུ་དང་ ཟླ་བ་དྲུག་ནུབ་མོ་ལུ་སྦེ་ཤར་དོ་ཡོདཔ་ཨིན་མས།
སྐར་མ་འདི་ ངོ་བོ་ཆུ་ཤེལ་གྱི་རང་བཞིན་ ནོར་བུ་ཀེ་ཏ་ཀ་ལས་གྲུབ་གྲུབཔ་ ཞེང་ཚད་རྒྱང་གྲགས་དྲུག་གི་ཚད་དང་ལྡན་པའི་གུ༌ གསེར་གྱི་ས་གཞི་ལུ་གསེར་གྱི་ར་བས་བསྐོར་བ་ ལྷའི་གྲོང་ཁྱེར་དང་སྐྱེད་མོས་ཚལ་ལ་སོགས་པ་ག་ནི་བས་ ཉམས་དགའ་བས་བརྒྱན་པའི་རྒྱུ་སྐར་འདི་ རིམ་པ་བཞིན་དུ་ རི་རབ་བསྐོར་ཏེ་ཤརཝ་ཨིན༌མས།
གསེར་གྱི་རི་བོ་མུ་ཁྱུད་འཛིན་གྱི་ལྷོ་ཕྱོགས་ཀྱི་ རྒྱ་མཚོའི་དབུས་སུ་ དང་ཕུ་ ལྷ་ཀླུ་གནོད་སྦྱིན་དྲང་སྲོང་བདེན་པ་གྲུབ་པ་ཚུ་གིས་ རིན་པོ་ཆེ་སྣ་ཚོགས་ལས་ རྒྱལ་བ་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་ཅིག་བཞེངས་ཏེ་ཡོད་མི་འདི་གི་ དབུའི་གཙུག་ཏོར་ཡང་ ནོར་བུ་ཆུ་ཤེལ་ལས་གྲུབ་གྲུབ་ཨིན་མས། དེ་འབད་ནི་འདི་གིས་ལོ་རེ་བཞིན་ ཟླ་བརྒྱད་པའི་ནང་ཚར་རེ་ དབུགས་ཐོབ་དང་འཁྲིལ་ཏེ་རྒྱུ་སྐར་རི་ཥི་འདི་ སངས་རྒྱས་རྣམ་པར་སྣང་མཛད་དེའི་ དབུའི་གཙུག་ཏོར་གྱི་ཐད་ཀའི་ནམ་མཁར་ལྷོད་དོ་ཡོདཔ་ཨིན་མས།
སྐར་མ་འདི་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དབུའི་གཙུག་ཏོར་འབྱིད་དེ་འགྱོ་ཚུགས་ཚུགས་ལུ་ ཞག་བདུན་འགོར་དོ་ཡོདཔ་ལས་ དེའི་རིང་ལུ་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་དང་ དྲང་སྲོང་རྣམས་ཀྱི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱི་སྟོབས་ལས་ སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ཆུ་ཤེལ་གྱི་རང་བཞིན་ཅན་འདི་ལས་ བདུད་རྩིའི་རྒྱུན་ཉིན་ཞག་བདུན་གྱི་རིང་ལུ་འབབ་དོ་ཡོདཔ་ཨིན་མས།
བདུད་རྩིའི་རྒྱུན་གྱི་ཟེགས་མས་ཁྱབ་པའི་ འཛམ་གླིང་གི་ཆུ་ཕྲན་ཚུ་ཡང་ བདུད་རྩིའི་རང་བཞིན་དུ་འགྱུར་དོ་ཡོདཔ་ལས་ དུས་དེ་དང་བསྟུན་ཏེ་ ཁྲུས་ལུ་བརྩོན་པ་ཅིན་ ང་བཅས་ར་གི་ལས་སྒྲིབ་བག་ཆགས་ངན་པ་ཚུ་དག་ནི་དང་ རྐྱེན་བར་ཆད་ནད་ཡམས་རིམས་ཚད་ཚུ་ཞི་སྟེ་ བདེ་བ་ཕུན་སུམ་ཚོགས་པ་འཐོབ་ནི་ཨིན་མས།
དེ་འབད་ནི་འདི་གིས་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ལུ་ཡང་ ཁྲུས་བབས་ཉིནམ་དང་པའི་ཚེ་གཞུང་འབྲེལ་གྱི་ངལ་གསོ་སྦེ་བཞག་གནང་མི་འདི་ མི་མང་ག་ར་གཙོ་བོ་ཁྲུས་འབད་ནི་གི་དོན་ལུ་དང་ དེ་དང་འབྲེལ་མི་དགའཝ་འཛོམས་ཏེ་ གླིང་ག་ཚུ་ནང་སྤྲོ་བཤལ་འགྱོ་ནི་དང་ བཞེས་སྒོ་ལེགས་ཤོམ་ཟ་སྟེ་ སེམས་སྤྲོ་བའི་རྩེད་སྟོན་དང་དགའ་སྤྲོ་བསྒྱུར་ཏེ་ ལུས་སེམས་ལུ་ངལ་གསོ་ཐོབ་པའི་དོན་ལུ་ཨིན་ཟེར་ཞུ་ནི་ཨིན།